མཁས་པའི་རྩོད་པ་བྱེད་ཚུལ།

མཁས་པའི་རྩོད་པ་བྱེད་ཚུལ།     

    

 བཛྲ་ཚུལ་ཁྲིམས་རྒྱ་མཚོ།   

  ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་༡༥༥~སྤྱི་ལོའི་སྔོན་གྱི་ལོ་༡༣༠ཡས་མས་སུ་རྒྱལ་སྲིད་ལ་གནས་པའི་ཀེ་རི་སིའི་རྒྱལ་བོ་མིང་ལ་མེ་ནན་ཏི་རོ་སི་ཟེར་བ། རྩོད་པ་ལ་མཁས་ཤིང་རྩོད་པ་ལ་དགའ་བ་ཞིག་ཡོད། ཉིན་ཞིག་མཚན་ལ་ནཱ་གཱ་སེ་ན་ཞེས་བྱ་བའི་ནང་བའི་དགེ་སློང་ཤིན་ཏུ་རྩོད་པ་ལ་མཁས་པ་འགྲན་ཟླ་ལས་བྲལ་བ་ཞིག་འདིར་ཡོད་དོ་ཞེས་གཞན་ལས་ཐོས་སོ།། དེ་ནས་ཤིན་ཏུ་རྩོད་པ་ལ་དགའ་བའི་རྒྱལ་བོ་དེས་ཁོང་ལ་རྩོད་པའི་འགྲན་བསླངས་སོ།། འོན་ཀྱང་དགེ་སློང་ནཱ་གཱ་སེ་ནས་དེ་མ་ཐག་ཁས་མ་བླངས་པར་རྒྱལ་བོར་ཡང་ཆ་རྐྱེན་བཏོན་ནས། གལ་ཏེ་རྒྱལ་བོ་འཐད་ན་རྩོད་ཀྱི། དེ་མིན་ན་མི་རྩོད་དོ་ཞེས་གསལ་བར་གསུངས་སོ།། གཏམ་རྒྱུད་འདི་ལྟར། རྒྱལ་བོས་དགེ་སློང་ལ་སྨྲས་པ། བཙུན་པ་ནཱ་སེ་ལགས། བདག་དང་བགྲོ་གླེང་ཞིག་མཛད་བཞེད་དམ། དགེ་སློང་གིས། རྒྱལ་བོ་ཆེན་པོ་ལགས། གལ་ཏེ་ཁྱེད་མཁས་པའི་ལུགས་ལྟར་བགྲོ་གླེང་གནང་ན་ཆོག་གི   འོན་ཏེ་རྒྱལ་བོའི་ལུགས་ལྟར་བགྲོ་གླེང་གནང་ན། ང་རྩོད་པར་མི་འདོད་དོ་ཞེས་གསུངས། རྒྱལ་བོས།  བཙུན་པ་ནཱ་སེ་ལགས། མཁས་པས་ཇི་ལྟར་རྩོད་ཅེས་དྲིས། དགེ་སློང་གིས། རྒྱལ་བོ་ཆེན་པོ་ལགས།  དེ་ཡང་མཁས་པ་དག་བགྲོ་གླེང་བྱེད་པའི་ཚེ་ན། གནད་དོན་བྱུང་ན་གནད་དོན་ཐག་གཅོད་གནང་ངོ་།། ཕྱོགས་སྔའི་དམ་བཅའ་ལ་དགག་པ་བྱེད་ཅིང་བཟོ་བཅོས་བྱེད་དོ།། དེའི་ཕྱིར་མཁས་པ་དག་བགྲོ་གླེང་ལ་བརྟེན་ནས་ཁྲོ་བར་མི་བྱེད་དོ།། རྒྱལ་བོ་ཆེན་པོ་ལགས། མཁས་པ་དག་འདི་ལྟར་བགྲོ་གླེང་བྱེད་པ་ཡིན་ནོ།། ཞེས་གསུངས་སོ།། 

  རྒྱལ་བོས། བཙུན་པ་ལགས། རྒྱལ་བོས་ཇི་ལྟར་བགྲོ་གླེང་བྱེད་ཅེས་དྲིས་སོ།། དགེ་སློང་གིས། རྒྱལ་བོ་ཆེན་པོ་ལགས། དེ་ཡང་རྒྱལ་བོ་དག་བགྲོ་གླེང་བྱེད་པ་ན། འདོད་པ་གཅིག་ཁོ་ན་རྒྱུན་བསྐྱང་ལ། འདོད་པ་མི་འདྲ་བ་གླེང་ན་ཆད་པས་གཅོད་པའམ། དེ་ལ་ཆད་པ་གཅོད་དུ་གཞུག་གོ། རྒྱལ་བོ་ཆེན་པོ་ལགས། རྒྱལ་བོ་དག་ནི་འདི་ལྟར་བགྲོ་གླེང་བྱེད་པ་ཡིན་ནོ།། ཞེས་གསུངས་སོ།།   རྒྱལ་བོས་སྨྲས་པ། བཙུན་པ་ལགས། འུ་ཅག་མཁས་པའི་ལུགས་ལྟར་རྩོད་ཀྱི། རྒྱལ་བོའི་ལུགས་ལྟར་ནི་ཅིས་ཀྱང་མི་རྩོད་དོ།། བཙུན་པ་ལགས། ཐུགས་བདེ་བར་མཛོད་ཅིག ཇི་ལྟར་དགེ་སློང་གཞན་དག་གམ། ཡང་ན་གསར་དུ་ཞུགས་པའི་རབ་བྱུང་བའམ། ནང་ཆོས་ལ་དད་པའི་ཁྱིམ་པའམ། དགོན་པར་གཡོག་བྱེད་མཁན་བགྲོ་གླེང་བྱེད་པ་དེ་ལྟར་མཛོད་ཅིག  བཙུན་པ་ལགས།  ཐུགས་བདེ་བར་མཛོད་ལ་བགྲོ་གླེང་གནང་ཞིག འཛེམས་དོགས་ཅི་ཡང་གནང་མི་དགོས་ལགས་ཞེས་སོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། 


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-11-06 ལྟ་ཀློག (4602)