
བར་སྣང་ནས་ཕྱིར་ས་སྒང་ལ་བལྟས་པ།
---ལེ་བར་ཆིག་སྟོང་གི་མཁའ་བསྐྱོད་ཟིན་ཐོ།
ལྡོང་ཡོན་ཏན་རྒྱ་མཚོ།
གནའ་མཁར་ཟི་ལིང་དུད་ཞགས་ཀློང་ན་ངལ།།
ལན་ཀྲུའུ་གྲོང་ཁྱེར་མྱ་ངན་ཐང་དུ་འཛུམ།།
མགར་བ་སྟོང་བཙན་རྣམ་དཔྱོད་དར་བའི་ལྗོངས།།
གནའ་དེང་ལོ་རྒྱུས་མེ་ལོང་གཟུགས་སུ་འཕོས།།
གོ་མིན་ཏང་གི་རྒྱལ་དར་མ་མཐོང་ཡང་།།
ནན་ཅིན་གྲོང་ཁྱེར་གསར་བའི་མཛེས་དགའ་གྲོལ།།
ཉི་ཟླའི་འོད་སྣང་འགོག་པའི་གློག་གི་གྲོང་།།
ཞག་གཅིག་རྨི་ལམ་རོལ་བའི་སྔས་སུ་བྱས།།
ཧྲང་ཧེའི་གྲོང་ཁྱེར་དཀྱིལ་འཁོར་ཐིག་ལས་འཛིངས།།
མི་གྲངས་བྱེ་བ་གསུམ་གྱི་འདུར་རྒྱུགས་རྒོད།།
སྤྲིན་དཀར་ཐོད་ལ་བཟུང་བའི་ཁང་བརྩེགས་འབུམ།།
སྒང་བ་བོད་པའི་དར་ལྕོག་ཟོལ་དུ་བརྫུས།།
རྒྱ་མཚོའི་གཡས་སུ་བཤམས་པའི་ཁོ་རེ་ཡ།།
མུ་ཏིག་ཚོམ་བུ་ཐང་མར་བརྡལ་བ་འདྲ།།
ཉ་ཆེན་ཤད་ཀྱིས་འཁྱུག་འདྲའི་སྒལ་སྟེང་ན།།
གྲགས་སྐད་ཆེ་བའི་འཇར་པན་ལྷམ་མེར་གསལ།།
ཞི་བདེའི་རྒྱ་མཚོས་ས་ཆེན་ཕྱོགས་མཐའ་བསྐོར།།
སྨུག་སྤྲིན་གསེབ་ནས་སྒྱུ་མའི་འཇིག་རྟེན་མཐོང་།།
གངས་རིའི་འདབས་ནས་ཐོན་པའི་རྒྱལ་ཁམས་པར།།
སྨྲ་བསམ་བརྗོད་འདས་ཚོར་བ་འགྲན་བཞིན་སློང་།།
མངའ་རིས་ཆེ་བ་འཛམ་གླིང་ཡང་རྩེར་སོན།།
ཆུ་ཕྲན་ཆེ་བ་པ་ཊའི་རིས་སུ་འཐེན།།
བོད་པའི་ངག་ལ་འབྱམས་པའི་ཨུ་རི་སིས།།
ས་ཆེན་སུམ་ཆ་བཟུང་བའིབརྗིད་ཉམས་མཐོང་།།
རྒྱ་མཚོ་གཡུ་ཟམ་ལེ་བར་ཉིས་སྟོང་གིས།།
འཕྲུལ་གྱི་ཁྱུང་ཆེན་ངལ་བའི་མཐའ་ལ་གཏུགས།།
ཨ་རིའི་བྱང་ཆ་སྙིང་གི་རི་མོ་ཅན།།
འཆར་ཡན་ཟིན་མེད་བློ་ཡིས་བག་མེད་མྱང་།།
དཔལ་ཡོན་སྟོབས་ཀྱིས་སྙེམས་པའི་ཁ་ཎ་ཌ།།
ནུབ་མཐའི་རྒྱ་མཚོའི་འགྲམ་ན་ཤད་ཀྱིས་བརྐྱངས།།
ཨ་རིའི་ཤར་མཐར་གཏུགས་པའི་ཁྲའོ་རོང་ཁྲའོས།།
མིག་ཡིད་དམ་ལ་འདོགས་པའི་སྒྱུ་འཕྲུལ་ངོམ།།
གྲུབ་པ་མ་ཐོབ་རྫུ་འཕྲུལ་མ་བསླབས་ཀྱང་།།
ས་ཆེན་སྒལ་གཞུང་ཡིད་ཀྱིས་གཞལ་བའི་འཕྲིན།།
སྐད་བརྡ་མི་གཅིག་ཤ་མདོག་མི་མཚུངས་ལ།།
ཉིན་མཚན་མགོ་མཇུག་བསྣོལ་བའི་ཡུལ་ནས་སྤྲིངས།། 2015-11-5
རྩོམ་ཡིག་ཕབ་བཤུ་བ། སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་རླུང་གཤོག་ཅན་ཡིན།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|