​ ཉི་མ་ལྷ་ས།

  


 ཉི་མ་ལྷ་ས།
གངས་འཚོ།
ད་དུང་ཕ་ཡུལ་མ་རྙེད་པའི་ཁོ་བོ།
ཕོ་བྲང་པོ་ཏ་ལའི་དབུ་རྩེ་རུ་འགྲེང་ནས།
ཕ་ཡུལ་གར་ཡོད་ལ་རྒྱང་ལྟ་བྱེད་དུས།
ཀྱེ།ཉི་མ་ལྷ་ས།
ཁྱོད་ཀྱིས་མིག་འཕྲུལ་སྟོན་དོན་ཅི།
བཙན་པོའི་སྐྱེམས་ཆང་དུ་གྲགས་པའི་སྐྱིད་ཆུ་རིང་མོ།
ད་ལྟ།མི་ཆེན་ཞིག་གི་གཅིན་པ་ལས་ཀྱང་ཕྲའོ།


ཕ་ཡུལ་གར་ཡོད་སྙེག་བཞིན་པའི་ཁོ་བོ།

འགོག་པ་རིའི་པང་དུ་མགོ་བོ་བསྙེས་ནས།
མེས་པོ་གང་མང་གི་ཞབས་རྗེས་འཚོལ་དུས།
ཀྱེ།ཉི་མ་ལྷ་ས།
ཡང་བསྐྱར་མིག་འཕྲུལ་སྟོན་དོན་ཅི།
མཚམས་སྤྲིན་དམར་པོའི་ོའོག་གི་སྐྱིད་ཆུ་རིང་མོ།
ད་ལྟ།མི་མངོན་པའི་ཐུ་འོག་ན་དུག་སྦྲུལ་བཞིན་འཁྱིལ་འདུག

ཕ་ཡུལ་དུ་འབྱོར་ལ་ཉེ་བའི་ཁོ་བོ།
ཉིན་དཀར་མིག་འཕྲུལ་སྣ་ཚོགས་ཀྱིས།
གྲུ་གུ་བཞིན་དུ་ཡང་ཡང་བསྒྲིལ་འགྲོ་ལ།
མཚན་མོར་རྨི་ལམ་ཟ་ཟི་མང་པོས།
འཇིགས་ཡེར་རེ་གཉིད་ལས་བསླངས་འགྲོ་བས།
ཀྱེ་ཉི་མ་ལྷ་ས།
ཁྱོད་ནི་ཞག་གཅིག་གི་མགྲོན་ཁང་ཙམ་མོ།

༢༠༡༥   ༥

རྩོམ་ཡིག་མཁོ་སྤྲོད་པ།  སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་བཟའ་བློ་བཟང་ཆོས་གྲགས་ཡིན།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-22 ལྟ་ཀློག (7549)