པེ་ཅིང་སློབ་ཆེན་སོགས་ཀྱིས་བོད་ཀྱི་ལས་ཐོག་ཞིབ་འཇུག་སློབ་མ་བསྡུ་བ།

      ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2016ལོར་སློབ་གསོ་པུའི་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་བཅུ་ཡིས་མུ་མཐུད་དེ་ལོགས་སུ་རྒྱུགས་ལེན་སློབ་བསྡུ་བྱེད་ཐབས་ཐོག་ནས་བོད་ལྗོངས་ཕྱོགས་ཏེ་ལས་ཐོག་མི་སྣས་རབ་འབྱམས་པའི་ཡོན་གནས་ཀྱི་ཞིབ་འཇུག་སློབ་མ་བསྡུ་རྒྱུ་རེད།
     ལས་ཐོག་ཞིབ་འཇུག་སློབ་མ་བསྡུ་བའི་སློབ་ཆེན་གྱི་ནང་པེ་ཅིང་སློབ་ཆེན་དང་། ཀྲུང་གོའི་མི་དམངས་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན། ཐེན་ཅིན་སློབ་ཆེན། ཅི་ལིན་སློབ་ཆེན། སི་ཁྲོན་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་ནོར་དཔལ་སློབ་ཆེན། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་བཅས་ཡོད། གསོ་སྐྱོང་གྲོན་དངུལ་ནི་གསོ་སྐྱོང་སློབ་གྲྭའི་གྲོན་དངུལ་ལེན་པའི་ཚད་གཞི་ལྟར་སྤྲོད་རྒྱུ་ཡིན། རྒྱུགས་འབུལ་སློབ་མ་སློབ་ཆེན་ལ་མ་བསྡུས་གོང་ངེས་པར་དུ་རང་ཉིད་གནས་པའི་ལས་ཁུངས་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། གསོ་སྐྱོང་སློབ་གྲྭ་སོགས་དང་གྲོས་མཐུན་འཇོག་དགོས་ཤིང་། སློབ་གྲྭར་ཐོན་རྗེས་ངེས་པར་དུ་ཕྱིར་བོད་ལྗོངས་སུ་ལོག་ནས་ལས་ཀ་ལོ་8ཡན་བྱེད་དགོས་པ་ལས་གྲོས་མཐུན་དང་འགལ་བར་བྱས་མི་ཆོག
     རྒྱུགས་ཐོ་འགོད་པའི་ཆ་རྐྱེན་ལ། 2014ལོའི་ཟླ་9པའི་གོང་དུ་ལས་ཀར་ཞུགས་པ་མ་ཟད་ཐེམ་ཐོ་བོད་ལྗོངས་སུ་ཡོད་པའི་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་དང་། བྱ་ལས་སྡེ་ཚན་གྱི་ལས་སྒྲུབ་མི་སྣ། གཞུང་དབང་ཁེ་ལས་ཀྱི་ལས་གཉེར་དོ་དམ་མི་སྣ་བཅས་ཡིན་དགོས་པ་དང་། 2014ལོའི་ཟླ་8པའི་གོང་དུ་རྒྱལ་ཁབ་ཀྱིས་ཁས་བླངས་པའི་སློབ་ཆེན་དངོས་གཞི་ཚན་ཁག་ནས་ཐོན་པའི་སློབ་གཉེར་བརྒྱུད་རིམ་ཡོད་དགོས་ལ། ལོ་ཚོད་རང་ལོ་45ཡི་མན་ཆད་དང་ལུས་ཁམས་བདེ་ཐང་ཡིན་པ་མ་ཟད་རྒྱུན་ལྡན་གྱི་སློབ་སྦྱོང་རྒྱུན་འཁྱོངས་བྱེད་ཐུབ་པའང་ཡིན་དགོས།
     དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་10ཚེས་10ཉིན་ནས་ཟླ་10ཚེས་31ཉིན་བར་ཡིན་པ་དང་། དུས་ཚད་ལས་ཡོལ་བ་ཡིན་ན་བསྐྱར་དུ་ཐོ་འགོད་བྱེད་མི་རུང་ལ་ཐོ་འགོད་ཆ་འཕྲིན་བཟོ་བཅོས་ཀྱང་བྱས་མི་ཆོག རྒྱུགས་འབུལ་སློབ་མ་རྣམས"ཀྲུང་གོའི་ཞིབ་འཇུག་སློབ་མ་བསྡུ་བའི་ཆ་འཕྲིན་དྲ་རྒྱ"ཐོག་ལ་རྒྱུགས་ཐོ་འགོད་རྒྱུར་ངེས་པར་དུ་ཤེས་དགོས་དོན་ཞེས་པར་གཟིགས་དགོས།
     བོད་ལྗོངས་ཀྱི་ཡིག་རྒྱུགས་ནི་བོད་རང་སྐྱོང་ལྗོངས་སློབ་གསོའི་ཡིག་རྒྱུགས་གླིང་གིས་དངོས་སུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་ལ། གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱེད་འདོད་ན་རང་སྐྱོང་ལྗོངས་སློབ་གསོ་ཐིང་མཐོ་རིམ་སློབ་གྲྭའི་སློབ་མའི་ཁྲུའི་ཁ་པར་0891-6599723དང་རང་སྐྱོང་ལྗོངས་སློབ་གསོའི་ཡིག་རྒྱུགས་གླིང་གི་ཁ་པར་0891-6322440ལ་འདྲི་རྩད་བྱས་ཆོག

རྩོམ་སྒྲིག་འགན་འཁུར་བ།   ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-10-21 ལྟ་ཀློག (4812)