མི་གཤིས་མེད་དུས་མི་ཚེ་འདིར་ཕོགས་ཙམ་གྱིས་ཅང་མི་ལོ་གི ༼བཅར་འདྲི༽

མི་གཤིས་མེད་དུས་མི་ཚེ་འདིར་ཕོགས་ཙམ་གྱིས་ཅང་མི་ལོ་གི      

 བཅར་འདྲི་བ།  འབའ་སྣང་གྲོལ། 

གསར་ཞུགས་སློབ་མ་སྟོང་ཕྲག་ལྷག་གི་ཁྱིམ་བདག་རེ་ཟུང་ལ་ངེད་དྲ་བའི་རྩོམ་སྒྲིག་པས་བཅར་འདྲི་བྱེད་བཞིན་པ།     

གསར་འགོད་པ། ཨ་ཁུ་ཁྱོད་བདེ་མོ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་གསར་ཞུགས་སློབ་མ་བསྐྱལ་ནས་ཡོང་བ་ཡིན་ནམ།  

ཁྱིམ་བདག   ཡིན་ཡིན་ལགས།  

གསར་འགོད་པ།  ཨ་ཁུའི་མིང་ལ་ཅི་ཟེར་བ་དང་ཕ་ཡུལ་གང་གི་ཡིན། 

ཁྱིམ་བདག  ཕ་ཡུལ་ཁམས་ལི་ཐང་གི་ཡིན།  མིང་ལ་རྣམ་འཇོམས་ཟེར། 

གསར་འགོད་པ། གསར་ཞུགས་སློབ་མ་འདི་ཁྱོད་ཀྱི་ཅི་ཞིག་ཡིན།

ཁྱིམ་བདག  ང་རང་གི་བུ་ཡིན། 

གསར་འགོད་པ།  ཁྱོད་ཀྱི་ཕ་ཡུལ་ནས་སློབ་གྲྭ་འདི་ལ་ཡོང་ན་སྤྱི་ལེ་ཅི་ཙམ་ཡོད།  

ཁྱིམ་བདག  སྤྱི་ལེ་བརྒྱད་བརྒྱ་ལྷག་ཡོད།   
གསར་འགོད་པ།  ལམ་ཐག་དེ་འདྲའི་རིང་བོ་ཞིག་ནས་སློབ་གླིང་འདིར་བསྐྱལ་ནས་ཡོང་དགོས་པའི་རྒྱུ་མཚན་ཅི་ཡིན།  

ཁྱིམ་བདག  སློབ་གྲྭ་འདིའི་མཚན་སྙན་དང་སྐད་གྲགས་གཡུ་འབྲུག་ལྡིར་ལྡིར་རེད།  ངས་སྔ་མོ་ནས་གོ་མྱོང་།  རྗེས་སུ་སློབ་གླིང་འདིའི་དགེ་རྒན་འཇིགས་མེད་རྒྱལ་མཚན་དང་ལྡོང་ཡོན་ཏན་རྒྱ་མཚོ་སོགས་ཀྱི་གཏམ་བཤད་ལ་ཟེར་སྡེར་གྱི་སྟེང་ནས་ཉན་ཞིང་།   ཧ་ཅང་སེམས་ལ་འཕྲོད་པ་དང་ཡིད་སྨོན་འཆོར་བ་ཞིག་བྱུང་སོང་།  དེ་བས་ང་ཚོ་བོད་པ་ཞིག་རེད།  བོད་པ་ཞིག་ཡིན་དུས་བོད་པའི་མི་གཤིས་དང་རྣ་འབྱོག་ཡོད་རྒྱུ་དེ་ཧ་ཅང་གལ་ཆེ་གི  དེ་བས་ང་ཚོའི་བུ་ཕྲུག་རྣམས་སློབ་གྲྭ་གཞན་དང་གཞན་ལ་སོང་ན་ཕ་མའི་བཀའ་དྲིན་མི་ཤེས་པ་དང་།  མི་གཤིས་འགྱུར་འགྲོ་བ་དང་།   དཀོན་མཆོག་གསུམ་ལ་དད་པ་མེད་འགྲོ་བ་དེ་ལྟ་བུར་ཆགས་འགྲོ་གི   ངེད་ཚང་ལ་འབྱོར་བ་ཡང་ཧ་ཅང་ཐབས་ཆག་པོ་དེ་འདྲ་མིན་པས་ད་བར་སྒོར་མོ་ཁྲི་བཅུ་ཕྲག་འགའ་འགྲོ་སྒོ་བཏང་བ་ཡིན་ན་རྒྱལ་ཁབ་ཀྱི་ཕོགས་རེ་རེག་འགྲོ་གི  ཡིན་ནའང་མི་གཤིས་མེད་དུས་མི་ཚེ་འདིར་ཕོགས་ཙམ་གྱིས་ཅང་མི་ལོ་གི  དེ་བས་ངས་རང་གི་བུ་ཕྲུག་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཟེར་བ་དེ་ནི་ཧ་ལས་པའི་སློབ་གྲྭ་ཡག་པོ་ཞིག་ཡིན་པར་ཐོས་སོང་།  ཁྱོད་དེ་རུ་སོང་ལ་སློབ་སྦྱོང་བྱས་ན་ཡག་པོ་འདུག་ཅེས་ཡང་ཡང་བཤད་ཅིང་། ང་ཚོ་བོད་ཕྲེང་བཟུང་ཟེར་ན་བོད་པ་ཞིག་གི་གཤིས་ཀ་དགོས་པ་རེད།  རྩ་བ་མི་གཤིས་དེ་དགོས་པ་རེད།  ཕ་མེས་ཡང་མེས་དག་གི་སྲོལ་བཟང་དང་རྒྱུད་པ་སྐྱོང་ཐུབ་པ་ཞིག་བྱུང་ན་ངེད་ཅག་ལ་དེ་འདྲའི་དགའ་བ་ཞིག་མེད་ཀི་བསམས་ནས་ངའི་བུ་འདི་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་དང་།  སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་པ།  རང་གི་ཕ་མེས་དག་ལ་དགའ་ཞེན་ཡོད་པ་ཞིག་ཨེ་ཡོང་བསམས་ནས་ང་ཚོའི་ས་གནས་ཀྱི་སློབ་གྲྭའི་དམའ་གཅིག་འདོན་བཞིན་པ་མཚམས་བཞག་ནས་སློབ་གླིང་འདིར་བསྐྱལ་ནས་ཡོང་བ་ཡིན།  

གསར་འགོད་པ།  དེས་ན་ཐེངས་འདིར་སློབ་གྲྭའི་ནང་དུ་ཚུད་མ་ཐུབ་པ་ཡིན་ན་ལོ་རྗེས་མ་དག་ལ་བསྐྱར་དུ་རྒྱུགས་ལ་ཞུགས་རྒྱུའི་རེ་བ་འུ་ཡོད། 

ཁྱིམ་བདག  ལྷ།  མེད་ཀི་ན། རེ་བ་ཆེན་པོ་ཡོད། 

གསར་འགོད་པ།   ཡ་ཡ་།  ཨ་ཁུ་ངེད་ཅག་གི་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།  

ཁྱིམ་བདག   ཡ་ཡ།  མི་སྐྱོན།  ཁྱེད་རྣམ་པར་བཀའ་དྲིན་ཆེ།   

 ཡུལ་དངོས་བཅར་འདྲི། 

གསར་འགོད་པ།ཨ་ཁུ་བདེ་མོ།   གསར་ཞུགས་སློབ་མ་བསྐྱལ་ནས་ཡོང་བ་ཡིན་ནམ། 

ཁྱིམ་བདག  ཡིན་ལགས། 

གསར་འགོད་པ། ཁྱོད་ཀྱི་སློབ་མ་འདི་སློབ་གྲྭ་གཞན་དང་གཞན་ལ་མི་སྐྱེལ་བར་སློབ་གླིང་འདིར་བསྐྱལ་ནས་ཡོང་དགོས་པའི་ཕྱོགས་ནས་ཁ་བརྡ་ཞིག་བྱས་ན་འུ་ཆོག

ཁྱིམ་བདག   ལོས་ཆོག་ཡ།  སློབ་གྲྭ་འདི་བོད་ཀྱི་རིག་གནས་སྦྱོང་ས་ཆེས་བཟང་བོ་ཡིན་པ་ཚང་མས་ཁས་ལེན་བཞིན་ཡོད་པ་རེད།  དེ་བས་མི་རིགས་འདི་ནི་རིག་གནས་སོགས་གང་གི་ཐད་ནས་རྗེས་སུ་ལུས་པར་ཞབས་འདེགས་ཙམ་དང་།  མ་འོངས་པར་ཡང་བོད་ཀྱི་རིག་གནས་འདི་གོང་འཕེལ་ལ་འགྲོ་བའི་རེ་བ་ཙམ་བཟུང་ནས་འདིར་བསྐྱལ་ནས་ཡོང་བ་ཡིན།   

གསར་འགོད་པ།   ཡ་ཡ།  ཨ་ཁུ་ངེད་ཅག་གི་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།  

ཁྱིམ་བདག   ཡ་ཡ།     

གསར་ཞུགས་སློབ་མ་དང་ཁྱིམ་བདག


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-09-08 ལྟ་ཀློག (9440)